སྨན་བླ་སྒྲུབ་མཆོད་ཆེན་མོ།

༈ ཆོས་བརྡ་གསལ་བསྒྲགས།

༄༅།། ཇི་སྐད་དུ། མཉམ་མེད་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏཱི་ཤས།

         ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས།།

མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ།།

དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།

བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ།།

ཞེས་གསུངས་པ་ལྟར་སྤྱིར་སྙིགས་མའི་དུས་སུ་འགྲོ་བའི་བསོད་ནམས་ཀྱི་དབང་གིས་བསྟན་པ་ཉམས་དམའ་བར་གྱུར་པ་ན་གསུང་རབ་དང། གཟུངས་སྔགས། རིམ་གྲོ། སྨན་སོགས་ཀྱི་ཕན་ཡོན་དང། ནུས་མཐུ་ཇེ་ཆུང་དུ་འགྲོ་བ་ཆོས་ཉིད་ཡིན་མོད། འོན་ཀྱང་སངས་རྒྱས་སྨན་བླའི་མདོ་ཆོག་འདི་ཉིད་ནི་སྙིགས་མའི་དུས་འདིར་བྱིན་རླབས་ཀྱི་ཚན་ཁ་ཇི་ཆེ་དང་ཇེ་མྱུར་དུ་འགྲོ་བ་ནི།སངས་རྒྱས་སྨན་བླ་རང་ཉིད་ཀྱི་སྔོན་ལམ་གྱི་གནས་སྐབས་སུ་རང་ཅག་འཛམ་བུ་གླིང་པ་སྙིགས་མ་ལྔ་དུས་ཀྱི་འགྲོ་བ་ཉམས་ཐག་པ་རྣམས་ལ་ཐུགས་བརྩེས་མ་བཟོད་པར་དམིགས་བསལ་ཐུགས་བསྐྱེད་སྨོན་ལམ་ཇི་སྙེད་ཅིག་མཛད་པ་དང། ལྷག་པར་དེང་སྐབས་རང་ཅག་རྣམས་ལ་མངོན་དུ་གྱུར་བཞིན་པའི་ནང་གི་ཉོན་མོངས་དུག་གསུམ་གྱི་འབྲས་བུར་རླུང་འཁྲིས་བད་ཀན་གསུམ་གྱིས་གཙོས་པའི་ནད་རིགས་ཇི་སྙེད་ཅིག་དང། ཕྱིའི་བར་ཆད་མི་མིན་གྱི་གདོན་བགེགས་དང། དམག་འཁྲུག་མུ་གེ་སོགས་མདོར་ན་ཚེ་འདིའི་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་པ་ཐམས་ཅད་ཞི་ཞིང། ཆོས་མཐུན་གྱི་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང། ཕྱི་མ་རྣམས་སུ་ཡང་ངན་སོང་གསུམ་གྱི་སྒོ་ཁེགས་ཤིང། བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང། ཚེ་འདས་རྣམས་ཀྱི་སྔོན་བསགས་སྡིག་ལྟུང་བྱང་ནས་དལ་རྟེན་རིམ་བརྒྱུད་ཀྱིས་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པ་སོགས་ཐུགས་བསྐྱེད་སྨོན་ལམ་ཇི་ལྟར་མཛད་པའི་དམིགས་བསལ་ལས་འབྲེལ་གྱི་མཐུ་ལས། རང་གཞན་དམན་མཆོག་ཀུན་གྱི་སྒྲུབ་ཏུ་རུང་བའི་ཆོ་ག་འདི་ཉིད་ལ་བརྟེན་ནས་ཚུལ་བཞིན་བསྒྲུབ་ན་སྨན་མདོ་བརྒྱད་བརྒྱ་པ་ནས་གསུངས་པའི་ཕན་ཡོན་རྣམས་ཐོབ་པའི་ངེས་པ་རྙེད་པ་ལས་གང་དུ་དཀོན་མཆོག་གསུམ་གྱི་སྒྲ་བསྒྲགས་པའི་རྒྱལ་ཁམས་ཐམས་ཅད་དུ་དམ་པའི་ཆོས་གཞན་ལས་མདོ་ཆོག་འདི་ཉིད་དར་རྒྱས་ཆེ་བ་དང། སྙན་པའི་དབྱངས་ཀྱིས་འདོན་པ་སོགས་རྒྱ་གར་འཕགས་པའི་ཡུལ་ནས་རིམ་བཞིན་ཁྱབ་འཕེལ་ཇི་ཆེར་སོང་བ་ལས། ནང་པའི་ཡུལ་གྲུ་གཞན་དུའང་དར་ཁྱབ་ཤིན་ཏུ་ཆེ་བ་བྱུང་ལགས། དེ་བཞིན་དུ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་འདི་ཉིད་དུའང་༸རྒྱལ་ཚབ་དེ་མོ་རིན་པོ་ཆེས་བསྟན་འགྲོ་སྤྱི་དང། ཡང་སྒོས་བོད་ཁམས་བསྟན་སྲིད་སྲ་བརྟན་ཡུན་གནས་ཆེད་སྨན་བླའི་བློས་བསླངས་དཀྱིལ་འཁོར་གསར་བཞེངས་དང་འབྲེལ་ ༼སྨན་བླ་སྒྲུབ་མཆོད་ཆེན་མོ་༽ ཞེས་དམིགས་བསལ་གསར་འཛུགས་མཛད་པ་ནས་བཟུང་སྒྲུབ་མཆོད་འདི་ཉིད་འཛམ་གླིང་སྤྱི་དང། ཡང་སྒོས་བོད་གཞུང་མང་ཡོངས་ཀྱི་བསྟན་སྲིད་ཞབས་རིམ་དང། གྲྭ་ཚང་འདི་ཉིད་ལ་འབྲེལ་བ་ཐོགས་པའི་དད་ལྡན་འདས་གསོན་ཡོངས་ཀྱི་ཆེད་དུ་ད་ལྟའི་བར་ལོ་ལྟར་ཉམས་མེད་དུ་ཚུགས་མུས་བཞིན།        

སངས་རྒྱས་སྨན་བླའི་སྐྱིལ་འཁོར།

  ད་ལམ་ཡང་བོད་ཟླ་ ༨ ཚེས་ ༡༡ དང་ཕྱི་ཟླ་ ༡༠ ཚེས་ ༠༩ ནས་བདུན་ཕྲག་གཅིག་གི་རིང་ཉིན་རེར་ཚོགས་ཐེངས་གསུམ་རེ་འཚོག་རྒྱུ་དང། གཙོ་བོ་རང་ཅག་རྣམས་ཀྱི་ལྷ་སྐལ་འཛམ་གླིང་ཞི་བདེའི་དེད་དཔོན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ཡུལ་གྲུ་ཀུན་ཏུ་ཁྱབ་པ་དང། ཁྱད་པར་གོང་གསལ་གྱི་སྨོན་ལམ་རླབས་པོ་ཆེ་རྣམས་དང། ཡང་སྒོས་བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་ལྷན་འཛོམས་ཡོང་བ་དང། བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ཆེད། སྨན་བླའི་བློས་བསླངས་དཀྱིལ་འཁོར་དང་འབྲེལ་བའི་སྨན་བླ་སྒྲུབ་མཆོད་ཆེན་མོ་འདི་ཉིད་ཐུན་མོང་མ་ཡིན་པའི་འདོན་རྟ་དབྱངས་ཀྱི་ཉམས་འགྱུར་དང་ལྡན་ཞིང། ཚིག་དོན་ཐུགས་སྨོན་མཚམས་སྦྱོར་དང་འབྲེལ་བའི་སྒོ་ནས་སྨིན་སྒྲུབ་ཞུ་རྒྱུ་དང། བོད་ཚེས་ ༡༦ ཉིན་སྨན་བླའི་ཆོ་ག་དང་འབྲེལ་བའི་སྒོ་ནས་སྦྱིན་སྲེག་འབུལ་གནང་རྒྱུ། བོད་ཚེས་ ༡༧ ཉིན་ཐ་མར་དགོང་དྲོ་ཚེ་འདས་རྣམས་ཀྱི་ཆེད་སྨན་བླའི་སྦྱང་བ་གནང་རྒྱུ་དང་། དེའི་ཕྱི་ཉིན་སྔ་དྲོ་ནས་སྨན་བླའི་དཀྱིལ་འཁོར་མཇལ་ཁ་གཏོང་རྒྱུ་ཡིན་ལགས་ན། རྒྱ་ཆེ་དད་ལྡན་མང་ཚོགས་ནས་སྒྲུབ་མཆོད་ཆེན་མོ་འདིའི་རིང་ཕྱག་འཚལ་བསྐོར་སྦྱོང་དང་། སྨན་བླའི་གཟུངས་སྔགས་བཟླས་པ་སོགས་རྣམ་དཀར་ཆོས་ལྡན་གྱི་བྱ་བར་བརྩོན་ན་སྨན་མདོ་བརྒྱད་བརྒྱ་པ་ནས་གསུངས་པའི་ཕན་ཡོན་རྣམས་འབྱུང་ངེས་ལགས་པས་དེ་དོན་རང་གཞན་ཚང་མས་འབད་འབུང་ལྷོད་མེད་གནང་གལ་ཆེ་བའི་དགེ་སྐུལ་གསལ་བསྒྲགས་སུ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།